སྤྱི་ལོ་2016ཟླ་12ཚེས་12ཉིན་གོ་ལའི་ཕྱུག་བདག་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་བཟོ་གྲྭ་མེག་ཁོ་རོ་སོབ་ཀྲི་Microsoftཡི་བདག་ཐོབ་ཡོད་པའི་སེ་ཁེབ་བརྙན་མཐོང་ཁ་པར་skypeདང་འབྲེལ་ཡོད་གནས་ཚུལ་སྤེལ་གསལ། མཉེན་ཆས་དེ་ཉིད་ཀྱི་ནང་དུ་སྤྱི་ལོ་2014ནས་ད་བར་སེ་ཁེབ་མཉེན་ཆས་ཁོ་ན་བརྒྱུད་བརྙན་མཐོང་ཁ་པར་ནས་ཕན་ཚུན་ཤོད་རེས་བྱས་པའི་སྐད་ཡིག་གཅིག་མཚུངས་མིན་རུང་སྐད་ཡིག་དེ་དག་རང་འགུལ་ཡིག་སྒྱུར་གྱི་ལམ་ནས་རང་ཉིད་སོ་སོའི་སྐད་ཡིག་ཏུ་བསྒྱུར་ཐུབ་ཀྱི་ཡོད། དེས་ན་མི་རིགས་མི་གཅིག་རུང་གོ་ལའི་ནང་མི་ཡིན་ཕྱིན་ཕན་ཚུན་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་དེ་ཉིད་རིམ་གྱིས་ལོ་ངོ་དུ་མའི་ནང་སེལ་འཆར་ཡོད་པ་རེད་འདུག གོང་གི་ལས་གཞི་དེ་སྤྱིར་སྤྱི་ལོ་2014ལོར་སྤེལ་མོད་མི་དམངས་སྤྱི་ཁྱབ་ལ་སྤྱི་ལོ་2015ནང་དུ་མ་གཏོགས་སླེབས་ཐུབ་མེད་པ་རེད།

ད་ཐེངས་གསར་སྣོན་མ་ལག་གལ་ཆེན་ཞིག་ནི་སེ་ཁེབ་བརྒྱུད་ཁྱིམ་སྤྱོད་ཁ་པར་དང་ལག་ཐོག་ཁ་པར་དུའང་སྐད་སྒྱུར་གྱི་མ་ལག་ཆ་རྐྱེན་གསར་བཟོ་བྱས་འདུག དེ་ནི་ཆ་འཕྲིན་དུས་རབས་ཀྱི་འཛད་སྤྱོད་པར་ཆེས་དགའ་འོས་པ་ལེགས་སྐྱེས་ཤིག་ཡིན་ཞིང་། བཟོ་གྲྭ་ཁག་དང་ཚོགས་པ་ཁག་དུ་མ་ཞིག་གི་འབྲེལ་ལམ་ལས་རིགས་སྔར་ལས་དར་རྒྱས་དང་འབྲེལ་བ་ཇེ་ཟབ་ཏུ་གཏོང་ནུས་ལྡན་པར་གྱུར་ཡོད། འོན་ཀྱང་། ད་ལྟའི་ཆར་གོ་སྐབས་དེ་ཉིད་རིན་མེད་སེ་ཁེབ་རྒྱུན་སྤྱོད་པ་ཀུན་ལ་མེད་ཅིང་གལ་སྲིད་མ་ལག་དེ་ཉིད་སྤྱོད་འདོད་ཡོད་ཚེ་མེག་ཁོ་རོ་སོབ་ཀྲི་དང་འབྲེལ་བའི་དགོས་ངེས་ཀྱི་ཆ་རྐྱེན་འགའ་ཚང་དགོས་ཀྱི་འདུག

ཁ་པར་གཏོང་སྟངས་ནི་རྒྱུན་གཏན་བཞིན་གཅིག་མཚུངས་དང་ཁྱིམ་སྤྱོད་ཁ་པར་རམ་ལག་ཐོག་ཁ་པར་ཅི་ཡིན་རུང་དེ་ཉིད་ཀྱི་ཨང་གྲངས་ཐོག་བསྣན་རྗེས་སྐད་སྒྱུར་གྱི་མ་ལག་ཐོག་སྣོན་དགོས་ཀྱི་ཡོད། དེ་རྗེས་རིམ་གྱིས་རང་ཉིད་ཀྱི་སྐད་ཡིག་གང་མོས་འདེམས་ཀ་བྱེད་རྒྱུ་རེད། ད་ལྟའི་ཆར་མཉེན་ཆས་དེ་ཉིད་ཀྱིས་དབྱིན་སྐད་ཚུད་པའི་སྐད་ཡིག་བཅུར་སྐད་སྒྱུར་ཆ་རྐྱེན་བསྐྲུན་གྱི་འདུག དེ་དག་ནི་དབྱིན་སྐད། ཧྥ་སྐད། སེ་པན་སྐད། འཇར་མན་སྐད། རྒྱ་སྐད། ཨི་ཀྲ་ལིའི་སྐད། པུར་ཇུ་གྷིའི་སྐད། འབེར་ཛིལ་སྐད། ཨ་རབ་སྐད། ཨུ་རུ་སུའི་སྐད་བཅས་རེད་འདུག 

སེ་ཁེབ་བརྒྱུད་སྐད་སྒྱུར་མ་ལག་དཔེ་མཚོན་དཔེ་རིས།

སེ་ཁེབ་ནི་སྤྱིར་བཏང་འཛམ་གླིང་ནང་གི་བརྙན་མཐོང་ཁ་པར་གྱི་མཉེན་ཆས་ཆེས་དར་ཁྱབ་ཆེ་ཤོས་གྲས་ཡིན་ཞིང་། མཉེན་ཆས་དེ་ཉིད་བརྒྱུད་ཚོགས་འདུ་ཆེ་ཁག སློབ་གྲྭའི་སློབ་ཚན། བཟོ་གྲྭ་གཅིག་ནས་གཅིག་དབར་འབྲེལ་མཐུད་བྱ་རྒྱུ། ཚོགས་པ་ཁག་དང་ཚོང་ཚོགས་ཁག་གི་རང་སོ་སོའི་འཛད་སྤྱོད་པའི་དཀའ་ངལ་ཤོད་ཡུལ་དང་སེལ་ཐབས་བྱ་ས། གསར་ཁང་ཁག་གིས་བརྙན་མཐོང་ཁ་པར་བརྒྱུད་བཅར་འདྲི་ཞུ་བྱེད་གཙོ་གྲས། དེ་བཞིན་རྒྱུན་གཏན་མི་དམངས་ནང་སེ་ཁེབ་མཐོང་མ་མྱོང་བ་དང་བེད་སྤྱོད་བྱེེད་མ་མྱོང་བ་ཧ་ཅང་དཀོན་ཤས་རེད་ཅེས་ཟེར། 

ཐེངས་འདིིའི་མཉེན་ཆས་མ་ལག་དེར་སྐད་སྒྱུར་སྤུས་གཙང་ཞིག་ཡོང་བར་བྱེད་རྒྱུའི་རེ་བ་མེད་པ་ནི་ཚན་རྩལ་ལག་རྩལ་དེ་རིགས་དེང་སང་དར་ཁྱབ་ཆེ་བའི་Artificial Intelligence བསྡུས་ཚིག་ཏུ་AIཞེས་དཔེ་བཤུས་རྣམ་དཔྱོད་ཚན་རྩལ་བེད་སྤྱོད་གཏོང་གི་ཡོད་པས་མི་དངོས་བཞིན་མཐའ་གཅིག་ཏུ་ལས་ཀ་སྤུས་གཙང་བྱེད་ཐུབ་ཀྱི་མེད་པ་རེད།

མཉེན་ཆས་དེ་ཉིད་ཆེས་ཐོག་མར་གློག་ཀླད་སྐད་ཡིག་བརྒྱུད་སྒྲོམ་གཞི་རྩོམ་སྒྲིག་བྱེད་མཁན་ནི་ཡོ་རོབ་རྒྱལ་ཁབ་ཨེ་སི་ཏོ་ནི་ཡ་ནས་ཡིན་པའི་གློག་ཀླད་སྐད་ཡིག་ཆེད་ལས་མཁས་དབང་སྐུ་ཞབས་པི་རི་ཀྲི་Priit kasesaluདང་ཇན་ཏ་ལིན་Jaan Tallinnnགཉིས་རེད་འདུག མཉེན་ཆས་སྒྲིག་བཟོ་བྱེད་མཁན་མེག་ཁོ་རོ་སོབ་ཀྲི་གློག་ཀླད་བཟོ་ལས་ཁང་རེད་འདུག ཐོན་དུས་ནི་སྤྱི་ལོ་2003ཡིན་པ་དང་། ད་བར་ལོ་ངོ་13རིང་ཉམས་རྒུད་མངོན་གསལ་མེད་པའི་སྲ་བརྟན་གྱི་མཉེན་ཆས་ཤིག་ཆགས་ཡོད། མཉེན་ཆས་དེ་ཉིད་ཀྱི་བཟོ་བསྐྲུན་གློག་ཀླད་སྐད་ཡིག་Delphi, C, C++བཅས་སྤྱད་འདུག མཉེན་ཆས་དེ་ཉིད་གོ་ལའི་སྐད་ཡིག་ཁྱོན་108ཀྱི་ནང་དུ་བཟོས་ཡོད།

Advertisements