འདོན་སྤེལ། ༢༠༡༠/༡༠/༠༦

ཕྱི་ཟླ་ ༡༠ པའི་ཚེས ༤ ཉིན་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་གོ་ལའི་ལྟེ་གནས་དུས་དེབ་ Global central magazine ཞེས་པའི་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་གར་གྱི་མི་འབོར་ཕྱི་ལོ་ ༢༡༠༠ ལོའི་མཚམས་སུ་མི་གྲངས་དུང་ཕྱུར་ ༡༨ ནས་ ༢༡ བར་འཕེལ་རྒྱུ་ཡིན་པ་དང་། འཛམ་གླིང་ཐོག་མི་གྲངས་དུང་ཕྱུར་ ༢༠ ལས་བརྒལ་བའི་རྒྱལ་ཁབ་གཅིག་པུ་དེ་ཆགས་རྒྱུ་ཡིན་པ་མ་ཟད། དབྱིན་ཇིའི་མི་འབོར་དེ་ཡང་ཕྱི་ལོ་ ༢༠༥༡ ལོའི་མཚམས་སུ་མི་འབོར་བྱེ་བ་བདུན་དང་ས་ཡ་བརྒྱད། འབུམ་བརྒྱད་ལྷག་ ༧༨༨༠༠༠༠༠ ལས་བརྒལ་ཏེ། ཡུ་རོབ་ཁུལ་གྱི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་རྒྱུ་ཡིན་པ་རེད།

རྒྱ་ནག་གི་ལོ་ངོ་ ༣༠ རིང་གི་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་བྱུས་དེའི་དབང་གིས་ད་ཆར་རྒྱ་ནག་རྒན་ཁོགས་ཆེས་མང་པའི་མི་རབས་ཤིག་ཆགས་ཡོད་ཅིང་། ཕྱི་ལོ་ ༢༠༣༣ ཙམ་ལ་རྒྱ་ནག་གི་མི་འབོར་དེ་དུང་ཕྱུར་ ༡༥ རུ་བརྒལ་རྒྱུ་ཡིན་པ་དང་། མ་འོངས་པའི་རྒྱ་ནག་གི་མི་འབོར་འཕེལ་ཚད་དེ་ཆ་སྙོམས་བྱས་ན།ལོ་རེར་མི་ས་ཡ་བདུན་ ༧༠༠༠༠༠༠ རེ་ཇེ་མང་དུ་འགྲོ་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༤༠ ལོའི་མཇུག་ཏུ་ལོ་ན་ ༦༠ ལས་བརྒལ་བའི་བགྲེས་སོང་གི་གྲངས་ཚད་དེ་དུང་ཕྱུར་ ༤ རུ་འཕེལ་རྒྱུ་ཡིན་འདུག

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྐབས། རྒྱ་གར་སྤྱིའི་མི་འབོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ ༣༥༠༠༠༠༠༠༠ ཙམ་ལས་མེད་ཀྱང་། ད་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱིས་རོབ་རྩིས་བྱས་པ་ལྟར་ན། མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག བྱེ་བ་བརྒྱད་༡༡༨༠༠༠༠༠༠༠ ཙམ་ལ་སླེབས་ཡོད་འདུག་ལ། མི་འབོར་འཕར་ཚད་དེ་ཡིས་འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༡༧༌༣༡ ཙམ་ཟིན་ཏེ། མི་འབོར་མང་བའི་རྒྱལ་ཁབ་ཨང་གཉིས་པར་སླེབས་ཡོད། འདས་པའི་མི་ལོ་ ༦༣ རིང་རྒྱ་གར་གྱི་མི་འབོར་དེ་ལྡབ་གཉིས་ལྷག་འཕར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འདོན་སྤེལ། ༢༠༡༠/༡༠/༠༦

Advertisements